བཀྲ་ཤིས་ལོ་སར་བསུ།

རྒུན་ཆང་།        2025-03-05

            ཤར་རིའི་ཕྲག་ཏུ་བདེ་སྐྱིད་ཉི་གཞོན་འཛུམ།།

ལྷ་བསང་དཀར་པོའི་དུད་སྤྲིན་དགུང་དུ་མཆེད།།

ཇ་ཆང་ཟས་ཀྱི་ཕུད་ཁ་ལྷ་ལ་མཆོད།།

བཀྲ་ཤིས་ལོ་སར་ཁ་གཡང་གཙང་མས་བསུ།།

ཕ་ཁུ་ཕུ་ནུའི་དབུ་འཕང་སྔར་ལས་མཐོ།།

རྒན་པ་ཚེ་རིང་གཞོན་པའི་ཁོ་ལག་རྒྱས།།

ནང་མི་ལྷན་འཛོམས་དགའ་སྐྱིད་དྲོད་ཁོལ་ཁྱབ།།

བཀྲ་ཤིས་ལོ་སར་སྨོན་འདུན་གཙང་མས་བསུ།།

སྟོད་ན་སྐྱེས་རི་སྨན་བཙུན་བབ་བརླིང་ལྡན།།

བར་དུ་ཆོས་ཀྱི་རྒྱ་ཕིབས་གཟི་དཔལ་འབར།།

སྨད་དུ་གཉེར་ཆུས་དར་ཐག་སྲིད་ན་རིང་།།

བཀྲ་ཤིས་ལོ་སར་རེ་འདུན་གཙང་མས་བསུ།།

བཀྲ་ཤིས་ནམ་མཁའ་ཉི་ཟླ་སྐར་གསུམ་འཆར།།

བདེ་ལེགས་ས་གཞིར་རྟགས་བརྒྱད་རི་མོ་བཀྲ།།

ཕུན་ཚོགས་སྣོད་བཅུད་དགེ་མཚན་བྱེ་བས་ཁྱབ།།

བཀྲ་ཤིས་ལོ་སར་ལྷག་བསམ་གཙང་མས་བསུ།།


  • ལེ་ཚན་སྔོན་མ།:ཀུན་མཁྱེན་ཤར་རྫ་བ་འཇའ་ལུས་པ་ཆེན་པོའི་ཞལ་གདམས།
  • ལེ་ཚན་རྗེས་མ།:རྫོགས་ལྡན་སྦྲུལ་ལོའི་ལོ་སར་བསུ་བའི་ཤིས་ཚིག་གཡུལ་རྒྱལ་ལྷ་ཡི་རོལ་མོ།