སྨན་བཅོས་འགན་བཅོལ་གྱི་དངུལ་འདི་ཇེ་མང་དུ་གཏོང་རྒྱུ་རེད།

    མི་དམངས་དྲ་བ།    2022-07-12

 སྨན་བཅོས་འགན་བཅོལ་ལམ་ལུགས་སྒྱུར་བཅོས་སྔར་ལས་ཟབ་སྤེལ་བྱས་ནས། སྨན་བཅོས་འགན་བཅོལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་ཆེད། ཉེ་ཆར། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ནོར་སྲིད་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་དང་མཉམ་དུ《2022ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)དཔར་འགྲེམས་བྱས་ནས། གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་ཚད་གཞི་ལུགས་མཐུན་ངང་མཐོ་རུ་བཏང་སྟེ་མི་རེར་ཆ་སྙོམས་མ་དངུལ་གྲབས་གསོག་ཚད་གཞི་སྒོར་460ཟིན་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།    
   སྨན་བཅོས་འགྲོ་གྲོན་འཕར་བ་དང་གཞི་རྩའི་སྨན་བཅོས་དགོས་མཁོ་ཆེ་རུ་འགྲོ་བ་དང་འཚམ་པར་བྱས་ནས། འགན་བཅོལ་ནང་ཞུགས་མཁན་གྱི་སྨན་བཅོས་འགན་བཅོལ་གྱི་ཁེ་དབང་འགན་ལེན་བྱ་ཆེད། 2022ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ(གཤམ་དུ“གྲོང་མིའི་སྨན་བཅོས་འགན་བཅོལ”ཞེས་བསྡུ་རྒྱུ)གྱི་མ་དངུལ་གྲབས་གསོག་ཚད་གཞི་མུ་མཐུད་མཐོ་རུ་གཏོང་རྒྱུ་རེད། 《བརྡ་ཐོའི》ནང་2022ལོར་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་30མང་དུ་བཏང་ནས་མི་རེར་ལོ་རེར་སྒོར་610ལས་མི་དམའ་བ་བྱེད་དགོས་པ་དང་། དེ་མཚུངས་མི་སྒེར་གྱིས་གྲོན་དངུལ་འཇལ་བའི་ཚད་གཞི་སྒོར་30མཐོ་རུ་བཏང་ནས་མི་རེར་ལོ་རེར་སྒོར་350ཟིན་གྱི་ཡོད་པ་རེད།
   ད་དུང་གྲོང་མིའི་སྨན་བཅོས་འགན་བཅོལ་ཐེབས་རྩའི་ནང་ནས་གྲངས་འབོར་ངེས་ཅན་ཞིག་མུ་མཐུད་གཏན་འཁེལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ནད་གཞི་ཆེ་རིགས་འགན་བཅོལ་མ་དངུལ་ཐད་སྤྱོད་དགོས་པ་དང་། མི་སྒེར་གྱིས་འགྲོ་གྲོན་ལོགས་སུ་འཇལ་མི་དགོས་པར་ནད་གཞི་ཆེ་རིགས་འགན་བཅོལ་ཐོབ་ཐང་ལོངས་སྤྱོད་བྱས་ནས་སྨན་བཅོས་འགྲོ་གྲོན་ཆེ་བའི་ཁུར་པོ་ཡང་དུ་གཏོང་དགོས།
   གཞན་ཡང་། གནས་སྡོད་ལག་ཁྱེར་འཁྱེར་ནས་འགན་བཅོལ་ནང་ཞུགས་པའི་སྲིད་ཇུས་ཀྱི་གཏན་འབེབས་དོན་འཁྱོལ་ཏན་ཏིག་བྱས་ནས་འགན་བཅོལ་ནང་ཞུགས་པའི་ཐེམ་ཐོའི་ཚད་བཀག་ལྷུག་ཏུ་བཏང་སྟེ། གནས་སྡོད་ལག་ཁྱེར་འཁྱེར་ནས་ས་གནས་དེ་གའི་གྲོང་མིའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ལ་རིམ་ཁག་ནོར་སྲིད་ཀྱིས་ས་གནས་དེ་གའི་གྲོང་མིའི་ཚད་གཞི་ལྟར་གཅིག་མཚུངས་ཀྱི་ཁ་གསབ་སྤྲོད་དགོས།
   《བརྡ་ཐོའི》ནང་ད་དུང་སྨན་ཁང་དུ་སྡོད་པའི་ཐོབ་ཐང་ཆུ་ཚད་བརྟན་དུ་བཏང་ནས། སྲིད་ཇུས་ཁྱབ་ཁོངས་ནང་གི་སྨན་བཅོས་འགྲོ་གྲོན་གྱི་ཐེབས་རྩའི་གཏོང་སྤྲོད་བསྡུར་ཚད་70%ཙམ་བརྟན་པོ་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད། སྨན་རྫས་དང་སྨན་བཅོས་རྒྱུ་ཆ་གཅིག་སྡུད་ཐོག་ཉོ་སྒྲུབ་བྱེད་པའི་ཐད་2022ལོའི་ལོ་མཇུག་ཏུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི(ཡང་ན་ཞིང་ཆེན་ལས་བརྒལ་བའི་མནའ་འབྲེལ)སྨན་རྫས་གཅིག་སྡུད་ཉོ་སྒྲུབ་བྱས་པའི་སྣ་ཁའི་གྲངས་འབོར་རིམ་རྩིས་བྱས་ན་350ལས་མི་ཉུང་བ་དང་། རིན་ཐང་མཐོ་བའི་སྨན་སྤྱོད་རྒྱུ་ཆ་སྤྱོད་པའི་སྣ་ཁའི་རིགས་རིམ་རྩིས་བྱས་ན་5ཡན་ཟིན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:བོད་ལྗོངས་རྟེན་མཛོད་ཁང་སྒོ་དབྱེའི་མཛད་སྒོ།
  • ལེ་ཚན་རྗེས་མ།:མེ་འཁོར་ཁ་ལོ་བ་བསོད་ནམས་དབང་གྲཊ་དང་ཁོང་གི་ཕུཊ་བསམ།
  • དོ་སྣང་ཆེ་བའི་རྩོམ།